previous arrow
next arrow
Slider

༄༅།། ངག་དབང་དབང་བཅུ་ལྡན་པའི་ས་དབང་བསྒྱུར། མཁས་ཀུན་ཀུན་དགའི་བློ་གྲོས་ཀུན་གྱི་རྗེ། སྲིད་ཞིའི་རྣམ་འདྲེན་འདྲེན་མཆོག་འདྲེན་པའི་གཙོ། དབང་རྒྱལ་རྒྱལ་བའི་དབང་ཕྱུགས་ཞབས་བརྟན་གསོལ།།

༄༅།། ཕུན་ཚོགས་ཚེ་ཡི་གཟི་བྱིན་དཔག་མེད་མགོན། ཕུན་ཚོགས་ཚེ་སྦྱིན་ལྷ་མོ་རྣམ་རྒྱལ་མ། ཕུན་ཚོགས་ལྷ་དང་གྲུབ་པ་རིག་འཛིན་གྱིས། ཕུན་ཚོགས་རྟག་པ་དམ་པའི་དངོས་གྲུབ་སྩོལ། ངག་དབང་དབང་བཅུ་ལྡན་པའི་ས་དབང་བསྒྱུར། མཁས་ཀུན་ཀུན་དགའི་བློ་གྲོས་ཀུན་གྱི་རྗེ། སྲིད་ཞིའི་རྣམ་འདྲེན་འདྲེན་མཆོག་འདྲེན་པའི་གཙོ། དབང་རྒྱལ་རྒྱལ་བའི་དབང་ཕྱུག་ཞབས་བརྟན་གསོལ། ཕྱོགས་དུས་རྒྱལ་བའི་གསང་གསུམ་རིན་ཆེན་མཛོད། གཅིག་བཟླུམ་འཇིགས་མེད་རྡོ་རྗེའི་འོད་རྣོན་འགྱེད། ཕྲིན་ལས་སྣང་བས་ས་གསུམ་ཀུན་ཁྱབ་ཕྱིར། འཇམ་མགོན་བསྟན་པའི་ཉི་མ་ཞབས་བརྟན་གསོལ། མཐའ་ཀླས་ཤེས་བྱར་མ་ཐོགས་མཁྱེན་པའི་འཕྲུལ། རྗེ་བཙུན་འཇམ་པའི་དབྱངས་དང་མགོན་པོ་ཁྱེད། མཆོག་དམན་སྐལ་བས་སྣང་དང་སྣང་མིན་ལས། དབྱེར་མེད་སྨྲ་བའི་ེསེང་གེ་ཞབས་བརྟན་གསོལ། བསླབ་གསུམ་དྲི་མེད་མཁྱེན་པའི་ཆ་ཤས་རྫོགས། འགྲོ་བའི་སྐྱབས་མགོན་ཐུགས་རྗེའི་བསིལ་ཟེར་ཅན། དམ་པའི་ཚུལ་དགུའི་ནུས་སྟོབས་བདུད་རྩིའི་གཏེར། ཐུབ་བསྟན་དབང་ཕྱུག་གཙུག་ཏུ་ཞབས་བརྟན་གསོལ། འཇམ་མགོན་གྲུབ་རིགས་གསེར་གྱི་འཁྲི་ཤིང་རྩེར། འགྲོས་བཞིའི་ལམ་གྱིས་སྐུ་བཞིའི་རྒྱལ་ཐབས་ལ། དབང་བསྒྱུར་ནོར་བུའི་མེ་ཏོག་འཁོར་ལོའི་མགོན། རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཞབས་བརྟན་གསོལ། ཆོས་སྲིད་མཛན་ཕྲིན་གསེར་གྱི་འཁོར་བསྒྱུར་ལ། མངའ་འོས་རིན་ཆེན་བདུན་གྱི་ཁ་ལོ་སྒྱུར། བླ་མ་རྡོ་རྗེ་སྲུང་བའི་གྲོགས་གདན་གྱིས། བཀྲ་ཤིས་དགེ་མཚན་ཡུན་དུ་འབར་གྱུར་ཅིག ། །།

ཅེས་བཅོ་བརྒྱད་པ་ལེགས་བཤད་རྒྱ་མཚོའམ་འཇམ་དབྱུངས་དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས་གནས་ཆེན་ལུམྦི་ནིའི་གཙུག་ལག་ཁུང་དུ་བླ་མཆོད་མཆོད་སྤྲིན་བསྟར་འབུལ་དང་འབྲེལ་གསོལ་བ་བཏབ་པ་སིདྷི་རསྟུ།། སརྦ་མངྒ་ལམ།། །།

༄༅། ༸ སྐྱབས་མཆོག་འཁོར་ལོའི་མགོན་པོ་ ༧ རཏྣ་བཛྲ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མགོན་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ངོ་བོར་བརྟན་ཅིང་ཐུགས་ཀྱི་བཞེད་པ་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་ཞུ་ཞུ།།

                                                              ཀྲོ་རོན་ཀྲོ་གནས་བསྡོད་མགོན་པོ་གང་གི་སློབ་འབངས་ཡོངས་ནས། སྤྱི་ལོ་ ༢༠༡༨ ཟླ་བ། ༡༡ པའི་ ཚེས ༡༣ ཉིན།

 ༄༅།། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཞུགས། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། གསེར་གྱི་ལྷུན་པོ་ལྷ་བུར་བརྗིད་པའི་སྐུ། ཤཱ་ཀྱའི་རྒྱལ་པོ་ཁྱེད་ཀྱི་བཀྲ་ཤིས་ཤོག  །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་སྐྱོབ། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། སངས་རྒྱས་དཔའ་བོ་བདུན་གྱི་བཀྲ་ཤིས་ཤོག །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་། སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། རྫོགས་པའི་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག

     རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། ལྷག་པ་ལྷ་ཡི་གཙུག་གི་རྒྱན་གཅིག་པུ། སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག  ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། ཕྲིན་ལས་བསྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། སྐལ་པ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག  །བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ། གངས་རིའི་ཁྲོད་འདིར་ཐེག་ཆེན་ཆོས་སྒྲ་སྒྲོགས། འཁོར་ལོས་བསྒྱུར་རྒྱལ་ཀུན་དགའ་རྒྱལ་མཚན་དཔལ། བཟང་པོའི་ཞབས་ཀྱི་པདྨོའི་བཀྲ་ཤིས་ཤོག  །འགྲོ་བའི་བླ་མ་ཆོས་རྗེ་པཎ་ཌི་ཏ། མཁྱེན་རབ་དབང་ཕྱུག་རྗེ་བརྩུན་འཇམ་པའི་དབྱངས། རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། བསྟན་འཛིན་བུ་སློབ་ཕྱོགས་བཅུར་འཕེལ་བ་དང་། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། གཟུགས་སྐུ་མཇའ་མཚོན་བཞིན་དུ་སོ་སོར་གསལ། ཐབས་དང་ཤེས་རབ་མཆོག་ལ་མངས་བརྙེས་པའི། རིགས་ལྔ་བདེ་བར་གཤེགས་ཀྱི་བཀྲ་ཤིས་ཤོག །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། རྣམ་པར་རྒྱལ་མ་མཆོག་གི་བཀྲ་ཤིས་ཤོག  །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། སྟོབས་པ་ཆེ་དང་ལྷ་ཡི་བུ་གཉིས་ཏེ། རྣམ་རྒྱལ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། ས་ཡི་སྙིང་པོ་སྒྲིབ་པ་རྣམ་པ་སེལ། ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། ཉེ་བའི་སྲས་ཆེན་བརྒྱད་ཀྱི་བཀྲ་ཤིས་ཤོག །བདག་གི་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། དུས་གསུམ་སངས་ཀུན་གྱི་ཕྲིན་ལས་མ། སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔལ། ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག  །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། བར་ཆད་བསྲུང་ཞིང་བསྐྱང་བར་ཞལ་བཞེས་པའི། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག  །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངལ་ཞིང་། གནོད་སྦྱིན་ནོར་འཆང་དབང་པོ་ཀུན་གྱི་རྗེ། བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། དངོས་གྲུབ་མཆོག་སྩོལ་མཛད་ཀྱི་བཀྲ་ཤིས་ཤོག  །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དོན་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུངས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་སྟོབས་དང་། ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། གསང་སྔགས་རིག་སྔགས་རྣམས་ཀྱི་བྱིན་རླབས་དང་། བདེན་པར་སྨྲ་བ་རྣམས་ཀྱི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག  །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། སྙན་གྲགས་ནམ་མཁའ་ལྟ་བུ་ཁྱབ་པ་ཡི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩོམ་པ་དང་། མཉམ་པར་གཞག་ཅིང་གནས་ལུགས་རྟོགས་པ་ཡི། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབད་དང་རྩོལ་བས་མ་གོས་པའི། ཡིད་བཞིན་ནོར་དུ་དཔག་བསམ་ཤིང་། སེམས་ཅན་རེ་བ་སྐོང་མཛད་པའི། བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པ། ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཉི་མའི་གུང་ཡང་བདེ་ལེགས་ཤིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག ། །།